བྲག་རྩེ་རིན་པོ་ཆེ་སྐུ་ཕྲེང་དང་པོ་དྭགས་པོ་རབ་འབྱམས་པ་དགེ་བཤེས་ངག་དབང་ཐར་འདོད་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་གནས་བྷ་ག་བྱང་དང་ཉེ་བའི་ཡུལ་སྙུག་མ་གདུང་དུ་ཁྱིམ་ཚང་དབུལ་པོའི་མ་ཝག་པ་ཞེས་པའི་བུར་སྐྱེས། ཆུང་ངུ་ནས་གཞན་གྱི་ཁྱིམ་གཡོག་གནང་སྟེ་བཞུགས། དགུང་ལོ་༢༤ཐོག་འཇིག་རྟེན་བྱ་བཞག་ལ་ཡིད་བསུན་ནས་རྟ་དབང་དགོན་པར་སྒྲིགས་ཞུགས་མཛད། དེ་རྗེས་བོད་དུ་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་ལ་ཕེབས་ནས་གཞུང་ཆེན་ལ་སློབ་གཉེར་གནང་བས་དྭགས་པོ་རབ་འབྱམས་ཀྱི་མཁས་པའི་མཚན་གནས་ཐོབ་སླར་མོན་དུ་ཕེབས་ནས་བསྟན་འགྲོའི་ཕན་བདེ་རྒྱ་ཆེར་གནང་། སྐུ་ཚེ་མཇུག་ཏུ་བྱང་བྲག་རྩེ་རི་ཁྲོད་དུ་ཉམས་བཞེས་མཐར་ཕྱིན་པ་གནང་སྟེ་བཞུགས།
བྲག་རྩེ་རིན་པོ་ཆེ་ཐུབ་བསྟན་བསྟན་པའི་རྒྱལ་མཚན་མཆོག་ནི། ཕྱི་ལོ་༡༩༤༦ལོར་མོན་རྟ་དབང་བྱང་གསུམ་བྲང་དུ་སྐུ་འཁྲུངས། དགུང་ལོ་གསུམ་པའི་ཚེ་དགའ་ལྡན་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ་གཙུག་ཕུད་ཕུལ་བས་མཚན་ཐུབ་བསྟནབསྟན་པའི་རྒྱལ་མཚན་ཞེས་བསྩལ། དགུང་ལོ་ལྔ་པའི་སྐབས་མཚོ་སྣ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཉིས་པ་ཐུབ་བསྟན་འཇམ་དཔལ་དབང་ཕྱུག་མཆོག་ནས་ཁྱིའུ་འདི་དྭགས་པོ་རབ་འབྱམས་པ་ངག་དབང་ཐར་འདོད་ཀྱི་སྐྱེ་སྤྲུལ་དུ་ངོས་འཛིན་གནང། དགུང་ལོ་བརྒྱད་པའི་ཐོག་་རྟ་དབང་དགོན་པར་ཆོས་ཞུགས་མཛད། དེ་ནས་མཚོ་སྣ་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། ཕྱི་ལོ་༡༩༦༥ལོར་རྡ་སར་༧གོང་ས་མཆོག་གི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཌལ་ཧོར་དུ་སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་སྐལ་བཟང་རྣམ་རྒྱལ་སོགས་བསྟེན་ནས་སློབ་གཉེར་མཛད། ཕྱི་ལོ་ ༡༩༧༡ལོར་རིགས་ཆུང་ཚོགས་བཞེངས་གནང་། ཕྱི་ལོ་༡༩༧༤ལོར་འཕགས་ཡུལ་སེར་བྱེས་གྲྭ་ཚང་དུ་ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དང་། མཁན་ཟུར་རྡོ་རྗེ་བཀྲ་ཤིས། དགེ་བཤེས་བློ་བཟང་དར་རྒྱས་སོགས་བསྟེན་ཏེ་སློབ་གཉེར་གང་འཚམས་གནང་རྗེས་རང་ཡུལ་བྲག་རྩེ་རི་ཁྲོད་དུ་ཞུགས་ནས།ཕྱི་ལོ་ ༡༩༩༣ལོར་དགུ་པ་ལྷ་བབས་དུས་ཆེན་ཉིན་དགུན་གླིང་དགེ་བཤེས་དམ་བཅའ་འཇོག་གནང་མཛད་རྗེས་སླར་ཡང་རི་ཁྲོད་དུ་གཏན་ཞུགས་ཀྱིས་མོན་ཀྱི་སྐྱེ་འགྲོའི་དོན་མཛད་མུས་ཐོག། ཕྱི་ལོ་༢༠༠༤ཟླ་བ་༡༡ཚེས་༡ཉིན་སྐུ་ཞི་བར་བཤེགས་པ་དང་།
སྐུ་ཕྲེང་གསུམ་པ་ཟླ་བ་དབང་འདུས་མཆོག་རྡོར་གླིང་དུ་ཡབ་པདྨ་དབང་འདུས་དང་། ཡུམ་སན་ཇུ་རའི་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ཕྱི་ལོ་༢༠༡༥ཟླ་བ་༥ཚེས་༡༧ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཕྲེང་གཉིས་པ་ཐུབ་བསྟན་བསྟན་པའི་རྒྱལ་མཚ་ན་མཆོག་གི་ཡང་སྲིད་དུ་ཕྱག་རྟགས་ཕེབས་ནས་ད་ལྟའི་ཆར་སྦེང་ལོར་ཁུལ་དུ་སློབ་གྲྭར་དེང་དུས་ཀྱི་ཤེས་ཡོན་སོགས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་མུས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།། །།